Monday, February 3, 2014

༼ཤའི་ཉེས་དམིགས།༽


༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེས་གསུངས།  

དཔལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་གྱི་སྒྲུབ་སྡེའི་བཅའ་ཡིག་སྡོམ་གསུམ་མཛེས་རྒྱན་ལས།

ཤ་ཟ་བ་ལ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་།  གསང་བསྔགས་ལས་དེ་ཙམ་དགག་བྱ་མི་ཆེ་ཞེ་ན།  དེ་ནི་ཐོས་པའི་ཤེས་རབ་ཀྱི་མིག་དང་བྲལ་བའི་སྐྱོན་དུ་ངེས་ཏེ།  འདི་ལྟར་ལུང་ལས།  གང་ཞིག་ཤ་ཁྲག་ལོངས་སྤྱོད་ནི།  །ཁམསགསུམ་ཕུང་བར་བྱེད་པའི་ཟས།  །ཐར་པའི་སྲོག་རྩ་གཅོད་པའི་མཚོན།  །བྱང་ཆུབ་ས་བོན་བསྲེག་པའི་མེ།  །དལ་འབྱོར་མཐོ་རིས་འཇོམས་པའི་ཐོག  །སུས་ཀྱང་ཟ་བར་མི་རུང་ན།  །རྒྱལ་བའི་བསྟན་ལ་རབ་བཞུགས་པའི།  །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས།  །དགེ་ཚུལ་དགེ་སློང་ཁྲུམས་ལྡན་པས།  །བཟའ་བར་ནམ་ཡང་མ་གནང་ངོ་།  །བྱང་ཆུབ་སེམས་དཔའི་ལམ་ཞུགས་པས། །ཕ་མར་གྱུར་པའི་སེམས་ཅན་ཤ །ཟོས་པའི་ཉེས་དམིགས་རྒྱ་ཆེར་འགྱུར།  གསང་བ་བསྔགས་ཀྱི་ལམ་དུ་ཡང་།  །ལྟ་དང་ཡེ་ཤེས་མི་ལྡན་པར།  །ཤ་ལ་བཟའ་བར་མི་རུང་ངོ་།  །ཞེས་པ་འདི་ཙམ་ཡང་མིག་ལམ་དུ་མ་གྱུར་པ་མ་ཡིན་ནམ།  དེས་ན་སྔོན་བྱོན་དམ་པའི་སྐྱེས་ཆེན་ཚད་མར་གྱུར་པ་མང་པོས་ཀྱང་ཤ་ཁྲག་དུག་ཟས་བཞིན་སྤངས་བར་མཛད་པའི་རྣམས་ཐར་གཙང་མ་ལྷུར་བཞེས་པ་ཡིན་ཏེ།   མ་ཅིག་ལབ་སྒྲོན་གྱིས།  ངས་ནི་ཤ་བཟའ་བ་ལྟ་ཞོག  །སེམས་ཅན་མིག་སྔོ་རིག་གེ་བ་དེ་མཐོང་བ་ཙམ་གྱིས་སྙིང་རྗེ་ཚད་མེད་པ་སྐྱེ་བ་འདུག་ཅེས་གསུངས།   དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པས།  ཤ་འདིའི་བདག་པོ་སྲོག་ཆགས་དེ་འཕགས་པ་ཀཱ་ཏྱཱ་ནས་བསོད་སྙོམས་ལ་གཤེགས་པའི་ལོ་རྒྱུས་ལྟར་སྐྱེ་བ་སྔ་མའི་ཕ་མ་ནི་ཡིན་ངེས།  དེ་ཡིན་ན་ད་ལྟའི་ཕ་མ་ལ་ཤན་པས་སྲོག་ལས་བྱས་པའི་ཤ་བྱིན་ན་བཟའ་བར་འདོད་དམ།  སྙིང་རེ་རྗེ་སྙམ་དུ་བསམ་མནོ་ཞིག་བཏང་ན།  བློ་གཟུར་གནས་ཤིག་ཡིན་ཕྱིན་ཆད་སྙིང་རྩེ་ཤུམ་ཤུམ་པ་དང་།  སེམས་ཅན་དེ་ལ་སྙིང་རྗེ་དབང་མེད་དུ་མི་སྐྱེ་བའི་ཐབས་མེད་ཅེས་དང།  སྔགས་པར་ཁས་བླངས་ནས་ཤ་ཆང་བག་མེད་དུ་ཟ་བ་དག  །ཁྲ་སྤྱང་ལས་ཁྱད་པར་ག་ལ་ཡོད།  ཅེས་གསུངས།  དེ་བཞིན་དུ་སྙིང་ཐིག་གི་བརྒྱུད་པ་གོང་མ་རིག་འཛིན་འཇིགས་མེད་གླིང་པའི་དངོས་སློབ།  འཇིགས་མེད་རྒྱལ་བའི་མྱུ་གུ་དང་།  དེའི་སློབ་མ་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ།  འཇིགས་གླིང་སྐུ་ཕྲེང་གཉིས་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་དངོས་སློབ།  འོད་ལུས་གྲུབ་པ་པདྨ་བདུད་འདུལ།  དེའི་ཡང་སློབ་བྱ་བཏང་ཚོགས་དྲུག་རང་གྲོལ་སོགས་དམ་པའི་སྐྱེས་ཆེན་དེ་རྣམས་ཀྱིས་ཤ་ཆང་དྲི་ཙམ་ཡང་མི་བསྟེན་པའི་དམ་བཅའ་བརྟན་པོ་དང་ནམ་ཡང་མི་འགལ་བ་མཛད་དེ་མདོ་བསྔགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པ་ཤ་སྟག་བྱུང་བ་ཡིན།  དེ་ལྟ་བུའི་དགག་བྱ་དང་དགོས་པ་ཤིན་ཏུ་ཆེན་པོ་མཐོང་ནས་བདག་གིས་ཀྱང་སྔོན་གྱི་ཚེ་འཕགས་ཡུལ་དབུས་འགྱུར་མ་ག་དྷ་རྡོ་རྗེ་གདན་བྱང་ཆུབ་ཤིང་དབང་གི་དྲུང་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཔང་དུ་གསོལ་ནས་ཤ་ཆང་སྤངས་བའི་དམ་བཅའ་ལྷུར་བླངས་ཤིང་རང་གི་དགོན་ཁག་རྣམས་སུའང་ཤ་ཆང་སྤོང་དགོས་པའི་ཁྲིམས་བཅས་པ་ཡིན་པས་སླད་ནས་བདག་གི་ངག་ལ་བརྩི་མཁན་བྱུང་ན་ཀུན་གྱིས་ཆོས་ཀྱི་ཁྲིམས་འདི་ལས་ནམ་ཡང་མ་འདའ་ཞིག་ཅེས་སྙིང་ནས་གསོལ་བ་ལགས།།

Tuesday, September 17, 2013

༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་ཞལ་གདམས།



༄༅།  །སྐྱབས་རྗེ་ཡིད་བཞིན་ནོར་བུ་བྱ་བྲལ་      
           སངས་རྒྱས་རྡོ་རྗེ་རིན་པོ་ཆེའི་
              ཞལ་གདམས་བཞུགས།    
       
      ༄༅།  །ན་མོ་གུ་རུ་བྷྱ།
རྗེ་བཀའ་དྲིན་འཁོར་མེད་ལས་འབྲེལ་རྩལ།།
མི་བདག་གི་སྤྱི་བོའི་རྒྱན་དུ་བཞུགས།།
གནས་འཁོར་བ་ངན་སོང་སྡུག་བསྔལ་ལས།།
དུས་ད་ལྟ་ཐར་བར་བྱིན་གྱིས་རློབས།།
ཚུར་ཉོན་དང་འདིར་འདུས་བུ་སློབ་ཚོ།།
སྙིང་མ་རུལ་མནོ་བསམ་སེམས་ལ་ཐོངས་།།
མིའི་ལུས་རྟེན་བརྒྱ་ལ་ལན་གཅིག་འདི།།
ཐོབ་ཟིན་ཀྱང་ལྷ་ཆོས་མ་འགྲུབ་ན།།
ཕྱིས་འདི་འདྲ་རྙེད་པར་ག་ལ་འགྱུར།།
དོན་དེ་ཕྱིར་སྙིང་པོ་ལེན་པར་གཅེས།།
ལུས་གཡོག་དང་གྲུ་ཡི་འདུ་ཤེས་ཀྱིས།།
ཡུད་ཙམ་ཡང་དལ་བར་ཉལ་མ་འཇུག།
སྒོ་གསུམ་པོ་དགེ་བསྐུལ་བེད་ཆོད་མཛོད།།
ལྟོ་གོས་ཙམ་ཕྱིར་དུ་ཚེ་གང་པོ།།
སྡིག་སྡུག་བསྔལ་ཁྱད་བསད་འབད་གྱུར་ཀྱང་།།
འཆི་ཙམ་ན་འཁྱེར་དབང་མེད་ཚུལ་སོམས།།
རང་འཚོ་གོས་བསོད་སྙོམས་བྱས་ཀྱང་ཕྱིད།།
ཟས་ཤ་ཆང་ཞིམ་དགུ་མང་ཟོས་ཀྱང་།།
སང་ནངས་པར་མི་གཙང་རྫས་སུ་འགྱུར།།
དོན་དེ་ལས་སྙིང་པོ་མི་འདུག་པས།།
ལུས་འཚོ་ཆས་ངན་ངོན་ཆོག་ཤེས་བྱ།།
གྱོང་ལྟོ་གོས་གཏམ་ལ་བསྐུར་བ་དགོས།།
ཚེ་མི་རྟག་འཆི་བ་མ་དྲན་ན།།
ཆོས་རྣམ་དག་འགྲུབ་རྒྱུ་མེད་པའི་ཁར།།
གྲབ་ཡིད་སྨོན་ཕྱི་ཤོལ་ངང་དུ་ལུས།།
དགྲ་འཆི་བདག་སླེབ་ཉིན་འགྱོད་ཀྱང་ཕྱིས།།
སྤྱི་འགྲོ་དྲུག་གནས་ན་བདེ་བ་མེད།།
སྒོས་ངན་སོང་གསུམ་གྱི་སྡུག་བསྔལ་ནི།།
ཚིག་རྣ་བས་ཐོས་ཀྱང་ཡི་མུག་ན།།
རང་ཐོག་ཏུ་བབ་ན་ཇི་ལྟར་བཟོད།།
ཡར་མཐོ་རིས་གསུམ་གྱི་བདེ་སྐྱིད་ཀྱང་།།
དུག་བཏབ་པའི་ཁ་ཟས་བཟང་པོ་བཞིན།།
འཕྲལ་བདེ་སྟེ་ནམ་ཕུག་ཕུང་བའི་རྒྱུ།།
ལར་བདེ་སྡུག་སེམས་ཀྱིས་མྱོང་བ་ལ།།
ཁོང་བྱེད་པོ་གཞན་ཞིག་ཡོད་མིན་ཏེ།།
ལས་དཀར་ནག་གཉིས་ཀྱིས་བྱས་པ་ཡིན།།
དེ་ཤེས་ནས་རྩ་བ་སྤང་བླང་ལ།།
དོན་ལག་ལེན་འཛོལ་མེད་གནད་དུ་ཆེ།།
ཆོས་ཞུ་ལོ་ཐོས་ལོ་མང་པོ་ལས།།
ཕ་མཚན་ལྡན་བླ་མའི་མན་ངག་ལ།།
བློ་ཐེ་ཚོམ་སྒྲོ་འདོགས་བཅད་པ་དགའ།།
ལུས་དབེན་པར་གནས་པའི་དོན་སྒོ་ལ།།
དགྲ་འདུལ་དང་གཉེན་སྐྱོང་ཆགས་སྡང་དང།།
ཚོང་བོན་བསྐྱེད་འདུ་འཛི་མ་སྤོང་ན།།
ཐབས་དེ་ལས་སྡུག་པ་ཡོད་མ་ཡིན། །
སེམས་ཆོག་ཤེས་འབྱོར་པ་དེ་མེད་ན།།
ཕྱིའི་ཀ་ཆ་མི་དགོས་དགུ་དགོས་པ།།
མི་སྐྱེ་བོ་ཕལ་པ་ལས་ཀྱང་ཐུ།།
ཆོས་ཉམས་ལེན་ཐུན་གཅིག་མི་འགྲུབ་ཕིར།།
ད་ཅིས་ཀྱང་དགོས་མེད་ལ་བློ་གཏད་བཅོལ།།
ནོར་ཁེ་དྲག་དགྲ་འདྲེའི་གཡབ་མོ་ཡིན།།
སྐྱིད་འདོད་ཀྱི་ཆོས་པ་ཚེ་འདི་ལ།།
བློ་མ་ལོག་པས་ཡང་དག་ཆོས་སྐལ་ཆད།།
ཆོས་དྲེད་པོར་འཆོར་བས་གཟབ་འཚལ་ལོ།། 
དོན་བྱ་བ་ཉུང་ལ་བརྩོན་འགྲུས་ཆེ།།
སེམས་ཙབ་ཙུབ་མང་པོར་མི་སྡང་བར།།
སྤྱིལ་པོ་ཡི་མལ་སར་ལྷོད་ཆགས་པ།།
དེ་འདྲ་ལ་ཆོས་པའི་གཡང་འཁོར་ངེས།།
ལོ་ཟླ་བ་མང་པོར་མཚམས་བསྡམས་ཀྱང་།།
རྒྱུད་སྔར་ལས་ཡར་བསྐྱེད་མ་བྱུང་ཕྱིན།།
ཡུན་རིན་པོའི་བྱས་ཡུས་འདྲེན་པ་དེ།།
སྡུག་སྒུར་དང་མུག་སྒུར་མ་སོང་ངམ།།
གཏམ་སྙན་གྲགས་ལ་བརྟེན་ནས་ང་རྒྱལ་སྐྱེ།།
དགྲས་ལོག་སྒྲུབ་བཟོད་པ་དཀའ་ཐུབ་མཆོག།
ཚིག་འཇམ་རྩུབ་ཙམ་ལ་སྡང་ཞེན་ལངས།།
གྲོགས་གཞན་གྱི་སྐྱོན་མཚང་ནན་གྱིས་བརྟག།
རང་རྒྱུད་ལ་བྱ་ར་མི་བྱེད་པར། 
དུས་རྟག་པར་སྤུ་སུད་ཚ་པོ་དེས།།
རོགས་རྣམས་ལ་དམ་ཉམས་གསོག་ངེས་པས།།
དྲན་ཤེས་བཞིན་དང་བག་ཡོད་རྟག་བསྟེན་མཛོད།།
འདུ་འཛི་དང་དབེན་པ་གར་གནས་ཀྱང་།།
འདུལ་དགོས་རྒྱུ་ཉོན་མོངས་དུག་ལྔ་དང་།།
དགྲ་ཆོས་བརྒྱད་མ་གཏོགས་གཞན་མེད་ཕྱིར།།
ལམ་སྤོང་བསྒྱུར་ལམ་བྱེད་ངོ་ལྟ་བཞི།།
རང་རྒྱུད་ཚོད་བསྟུན་ལ་གང་མོས་བྱ།།
སེམས་ཐུལ་བ་ལས་ལྷག་པའི་གྲུབ་རྟགས་མེད།།
ལག་མཚོན་མེད་དཔའ་བོ་གཡུལ་རྒྱལ་ཡིན།།
ཆོས་མདོ་སྔགས་གཉིས་པོ་ཉམས་ལེན་ཚེ།།
གནད་གཞན་ཕན་བྱང་སེམས་སྨོན་འཇུག་སེམས།།
འདི་ཐེག་ཆེན་རྩ་བ་ཡིན་པའི་ཕྱིར།།
ཡོད་དེས་ཆོག་མེད་ན་ཐབས་ཆག་ལགས།།
ཚིག་འདི་སྐད་སྦས་པ་པདྨའི་ཚལ།།
དེའི་་ཡང་ཁྲོད་བྱེ་བྲག་ནགས་ཀྱི་མཐོངས།།
མཚན་ཀུན་བཟང་ཆོས་གླིང་འབོད་པ་དེར།།
སྤྲང་གཅོས་རྒན་སངས་རྒྱས་རྡོ་རྗེས་གདམས།།
དགེའོ།།  །།

Wednesday, October 24, 2012

༼ འཕགས་པ་བཀྲ་ཤིས་བརྒྱད་པ། ༽

འཕགས་པ་བཀྲ་ཤིས་བརྒྱད་པ། ༄༅། །འཕགས་པ་བཀྲ་ཤིས་བརྒྱད་པ་ཚིགས་སུ་བཅད་པ། ལས་གང་ཞིག་བརྩོམ་པ་ན་ཐོག་མར་འདི་ལན་གཅིག་བརྗོད་ན་འགྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཡིད་ལ་བྱའོ། ཨོྃ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པའི་བཀྲ་ཤིས་དཔལ་འཕེལ་བ། བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་ལྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག ། ལངས་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་། །གཡུལ་དུ་ཞུགས་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་བརྩམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཤིང་། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གི་གསུངས། །རབ་ཚེས་མེ་སྤྲེལཟླ་ཚེས་གཟའ་ཉི་མ་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་ཡིད་མཚོ་ལས་བྱུང་བ་ནོར་བུའི་དོ་ཤལ་ཆེན་པོའོ།། མངྒ་ལཾ།།